རྩོམ་གསར།
དུས་རབས་ཀྱི་བསམ་གཞིགས།
སྤྲོ་ཚུགས་སངས་རྒྱས།
བོད་ནང་རྩོམ།


ཐབས་མཁས་འཕྲུལ་གྱིས་གཞལ་བའི་གཏམ་བརྗོད་ལ།།
བདེན་མིན་གནས་ལུགས་འབུམ་གྱིས་ཉེར་འཁྱུད་ནས།།
རང་རང་གོམ་སྟབས་བསྒྱུར་པའི་འཇོ་སྒེག་གར།།
འཛུམ་ཆུང་ལྷུག་པོར་བཞད་པ་སུ་ཡིས་འགོག།

སྙིགས་མའི་རང་མཚང་བརྡོལ་བའི་ཐན་ལྟས་སུ།།
ཕྲག་དོག་ནད་ཀྱིས་བཟི་ཁ་ལ་བརྒྱུས་ནས།།
གང་ཤར་བྱུང་རྒྱལ་སྨྲ་བའི་གཡེམ་མའི་ཚོང་།།
ངན་སྤྱོད་ཞལ་ངོ་སྒྲིབ་པ་སུ་ཡིས་བསུ།།

ལྟ་བ་འཁྱེར་སོ་མི་གཅིག་ལམ་བུ་ལ།།
བདེན་གཉིས་རིག་པའི་རྒྱབ་ལུང་མཐུ་བཙན་ཞིག།
བུ་ག་ཕྲ་མོའི་ལྟོ་བར་མི་ཤོང་བའི།།
གྲེ་བར་བསྐྱིལ་བའི་ཚུལ་འདི་བློ་ལས་འགོངས།།

གཞན་ཕམ་རང་རྒྱལ་ལས་ལ་རྣམ་ཀུན་ཏུ།།
བརྩོན་པའི་ཁེངས་རློམ་ཆེ་བའི་བླུན་པོའི་གཤིས།།
ཕྱི་ལ་མངོན་པའི་གཡོ་སྒྱུ་གྱོང་བོའི་རིགས།།
འུ་ཚོའི་གོམ་ཁ་འདི་བཞིན་ཅི་ཡིས་ལེན།།

 

གཞན་སྐྱོན་ཁབ་ཀྱི་རྩེ་མོ་འཚོལ་ལ་མཁས།།
རང་སྐྱོན་ལྷུན་པོ་མི་མཐོང་དམུས་ལོང་བ།།
ངའོ་སྙམ་པའི་ང་རྒྱལ་ཆེ་ལུགས་འདི།།
ཡ་མཚན་ལྟད་མོ་མིན་ནམ་རིགས་མཐུན་ཚོགས།།

རང་ལྟ་མཆོག་ཏུ་འཛིན་པའི་རྩོད་གླེང་འདི།།
བརྩད་ན་གྲུབ་འབྲས་དབེན་པ་མོ་གཤམ་བུ།།
བརྩད་ཀྱང་ཐོབ་རྒྱུམེད་པ་རི་བོང་རྭ།།
རང་རང་ས་ནས་མཁྲེགས་འཛིན་འདོར་བར་རིགས།།

རང་ཉིད་རང་གིས་དྲང་བདེན་སྒོམ་པ་དང་།།
རང་ཉིད་རང་གིས་རྣམ་དག་ཆོས་པར་བརྩི།།
རང་ངོ་རང་གིས་མ་ཟིན་ཁྲི་སྟེང་ནས།།
སྨྲ་བརྗོད་དབང་ལུང་གནང་བ་ཁྲེལ་མེད་རྒྱུ།།

བསྟོད་པས་དགུང་དུ་བཏེགས་ཀྱང་དགའ་མི་འགྱུར།།
འཕྱ་སྨོད་ཚིག་གིས་བསྣུན་ཡང་མཚང་མི་འགྱུར།།
བདེན་ལུགས་སྒྲོགས་པའི་གཏམ་ཞིག་ཡིན་པས་ན།།
ཅང་མེད་དབུལ་བོ་ཡིས་ཀྱང་མཐེ་བོང་བསྒྲེང་།།

 

 

པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )